日本別院憲章
チベット仏教の正式な僧院には必ず僧院の最高法であるチャーイクと呼ばれる僧院の憲法のようなものがあります。日本別院のチャーイクは以下のチベット語原文の通りです。
༄༅། །རི་ཁྲོད་དབུ་སྲིད་ཐར་རབ་དགའ་དགོན་སྡེ་འབྲུག་མཛོད་གླིང་གི་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་ཉི་ཧོང་ཟུར་སྡེའི་བཅའ་ཡིག་བཞུགས་སོ། །
སྤངས་རྟོགས་ལྷག་རྩེན་ལང་ཚོའི་བཞིན་རས་ལ། །མཁྱེན་བརྩེའི་ཆུ་འཛིན་སྟུག་པོའི་སྨིན་མའི་གར། །
འཕྲིན་ལས་གྲུ་ཆར་ཟུར་མིག་གཡོ་བ་ཅན། །ཟས་གཙང་སྲས་ཁྱོད་སྙིང་གི་ཐིག་ལེར་རོལ། །
དཔལ་སྟུག་གསང་གསུང་འཆི་མེད་འདུན་ས་ནས། །རྨད་བྱུང་སྔོན་མེད་མཛད་པའི་རྔ་བོ་ཆེ། །
མ་སྨད་སྙིང་སྟོབས་དབྱུ་གུས་བསྐུལ་བའི་དབྱངས། །སྲིད་ན་མངོན་མཐོ་ཙོང་ཁ་པ་དེ་རྒྱལ། །
རང་དབང་བདེ་སྐྱིད་ལྡན་པའི་འཛམ་གླིང་འདིར། །པ་སངས་ཟླ་ལྟར་མཁས་དབང་པད་མའི་ཕྲེང་། །
དེ་ཕྱིར་ཟླ་བའི་ཁེངས་པ་འཕྲོག་བྱེད་པ། །གངས་ཅན་ལྷ་གཅིག་ཕྱག་ན་པད་མོ་རྒྱལ། །
སྐབས་དོན་དགོན་པ་འདིའི་སྒྲིག་ལམ་ཀུན་སྤྱོད་ནི། ཐོག་མར་འཇུག་ཚུལ། བར་དུ་ཉམས་སུ་བླང་ཚུལ། མཐའ་མར་འབྲས་བུར་མིང་གི་བཏགས་ཚུལ་དང་གསུམ་ལས།
དང་པོ་ནི། གང་དུའང་མི་གཏོགས་པའི་མི་ཡན་མིན་པ་དང་བར་ཆད་མི་ལྡན་པ་དགོས།
གཉིས་པ་ལ། ཚོགས་ཀྱི་སྒྲོག་ལམ་དང་། དེར་མ་འདུས་པའི་སྒྲིག་ལམ་གཉིས།
དང་པོ་ནི། ཚོགས་བརྡ་མ་བཏང་གོང་མི་འདུ་ཞིང་ཚོགས་བརྡ་བྱུང་ཚེ། བསླབ་གྲལ་རྒན་རིམ་བཞིན་སྤྱོད་ལམ་དལ་པོའི་ངང་བཞུགས་དགོས། མདོ་རྩ་བ་ལས། སོ་སོར་ཐར་བའི་སྡོམ་པ་མཆོག་ལ་རབ་ཏུ་བྱང་བས་ཕྱ་བྱའོ། མཉམ་ན་རྒན་པ་ལའོ། ཞེས་གསུངས་པ་ལྟར་བྱ། གྲལ་རྣམས་འབུར་ཀྱོག་མེད་པར་མུ་ཏིག་དར་ལ་བརྒྱུས་པ་བཞིན་གང་ལེགས་སུ་འཁོད་པ་ལས། རྩིག་པ་དང་ཀ་བ་ལ་བརྟེན་པ། ཁ་རྣ་མ་བཀབ་པར་མཆིལ་སྣབས་འདོར་བ། གཉིད་དང་གླེང་མོ་ལག་རྩེད་མིག་ཡེངས་ཁ་བཏུམ་ཞིང་གཞོགས་གཅུས་པ་མཇིང་པ་བསྒྱར་ཏེ་གཡས་གཡོན་དུ་བལྟ་བ། མགོ་ཧ་ཅང་བསྒུར་ཏེ་སྡོད་པ་སོགས་མི་བྱ། བཟའ་བཏུང་གི་ཚེ་ཧུབ་ཅུག་གི་སྒྲ་དང་ལྕེས་བལྡག་པ། ཟས་ལེགས་པར་མ་བླངས་པ་སོགས་སྤྱོད་ལམ་མི་མཛེས་པའི་རིགས་མཐའ་དག་ལ་མི་འཇུག་པའི་དྲན་ཤེས་བསྟེན་ནས་དགེ་འདུན་སྲུང་གི་རྟོགས་བརྗོད་སོགས་ཡིད་ལ་ཡང་ཡང་དྲན་པ་བྱས་ནས་ཉམས་སུ་བསྟར་བར་བྱ། སྦྱིན་བདག་གི་རིམ་འགྲོ་དམིགས་བསལ་ཅན་མ་གཏོགས་དུས་རྒྱུན་ཞལ་འདོན་དཀྱུས་མ་བཅས་ལ་ཐོག་མར། སྐྱབས་འགྲོ དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞི་འགྱུར་མ། ༧རྒྱལ་བའི་ཞབས་བརྟན་སོགས་ཞལ་འདོན་གང་ལེགས་ལས་སྣང་བར་གང་ཤར་གྱི་འདོན་པ་མ་ཡིན་པར་དབུ་མཛད་ཀྱི་ཁུར་བླང་དགོས། མཇུག་ཏུ་མགོན་པོ་སོགས་ཀྱི་གཏོར་འབུལ་དང་དེ་ནས་སྒྲོལ་མ་ཚར་གཅིག བདག་གཞན་མ་བར་རྟ་བཏང་ནས་དབུ་ཞ་བཞེས་ཏེ་རིམ་བཞིན་གྲོལ། དམིགས་བསལ་ཁྱད་པར་ཅན་མ་གཏོགས་ཚོགས་མ་གྲོལ་བར་དུ་མི་འགྲོ་ཞིང་། རྐྱེན་དབང་གིས་འགྲོ་དགོས་བྱུང་ཚེ་དགེ་བསྐོས་ལ་དགོངས་ཞུ་བྱེད། ཚོགས་འདུ་བ་དང་གྱེས་པའི་ཚེ་འདུ་འཛི་ལོང་གཏམ་སོགས་འཕྱ་སྨོད་ཀྱི་གནས་སུ་འགྲོ་བར་མི་བྱ། ནང་དུ་སླེབས་ནས་ཤག་སོ་སོར་སྒོ་བཅད་ནས་ཐོས་བསམ་བྱེད་པ་ལས་ར་སྐོར་ནང་སོགས་ལ་འཚོགས་ནས་བྲེ་མོའི་གཏམ་སོགས་མི་བྱ་སྟེ། དམ་ཆོས་པད་མ་དཀར་པོ་ལས། མཁས་པ་དུས་སུ་སེམས་པར་བྱེད་པ་ན། ཁང་བུར་ཞུགས་ནས་དེ་བཞིན་སྒོ་བཅད་ནས། ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་བལྟ། ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་ཤོད། ཞེས་གསུངས་པ་ལྟར་རོ།
གཉིས་པ་དེར་མ་འདུས་པའི་སྒྲིག་ལམ་ནི། ཆོས་མཇལ་དུ་ཕེབས་མི་དང་དེ་མིན་དགོན་པར་འབྲེལ་གཏུག་བྱེད་མི་རྣམས་ལ་སྣེ་ལེན་དང་མཐུན་འབྲེལ་གང་ཟབ་ཞུ་དགོས། དུས་རྒྱུན་གཙུག་ལག་ཁང་ཕྱི་ནང་སོགས་སུ་བྱི་དོར་བྱེད་དགོས་པ་དང་། འཕྲོད་བསྟེན་གང་ལེགས་ཐོག་ཉིན་གསུམ་རེས་ལ་ན་བཟའ་འཁྲུས་དགོས་པ་དང་། རྒྱུན་དུ་ན་བཟའ་གཙང་མ་བཞེས་དགོས། ཕྱིར་རུ་ཕེབས་སྐབས་ན་བཟའ་ལེགས་པར་བཞེས་ཏེ་ཕེབས་དགོས་པ་ལས་ཁྱིམ་པ་སུན་འབྱིན་དུ་མི་འགྲོ་བ་བྱ་དགོས།
གསུམ་པ་ནི། དབུ་མ་འཇུག་པ་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངས། ཞེས་པ་ནས། རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཕ་རོལ་མཆོག་ཏུ་འགྲོ ཞེས་གསུངས་པ་ལྟར། ས་བཅུ་ལམ་ལྔ་རིམ་བཞིན་བགྲོད་དེ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་འགྱུར་བ་ཡིན། དེ་ལྟར་གོང་སྨོས་ཀྱི་དོན་རྣམས་ལ་སྒྲིག་འགལ་མངོན་པར་བྱུང་བ་རྣམས་བླ་མ་དགོས་བསྐོས་ཀྱིས་ཚར་གཅོད་རྗེས་འཛིན་གྱི་དོ་དམ་གང་དྲགས་བྱེད་པ་དང་། མི་མངོན་པ་ནས་མཐུ་སྟོབས་ནུས་པའི་མངའ་བདག་ཡེ་ཤེས་ཀྱི་མགོན་པོ་ཕྱ་དྲུག་པའི་ལྷ་ཚོགས་ཀྱིས་བླང་དོར་གྱི་དཔང་པོ་མཛད་དེ་ཚུལ་མིན་ལོག་པར་བྱེད་པ་རྣམས་ཚར་གཅོད་པ་དང་། ཚུལ་བཞིན་སྒྲུབ་པ་རྣམས་ཀྱི་ཆོས་ལྡན་གྱི་བྱ་བ་ཡིད་སྨོན་ལྟར་འགྲུབ་པའི་སྟོངས་གྲོགས་མཛད་དེ། དགོན་པ་འདི་ཉིད་ཀྱི་བཤད་སྒྲུབ་ཟུང་གི་སྒོ་ནས་དབྱར་མཚོ་ལྟར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་འཕྲིན་ལས་མཛོད།། །།